༄༅། །རང་གཞུང་ཆོས་རིག་ལས་ཁུངས་ནས་བཀའ་ཡིག་ཕེབས་དོན་བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟའི་ཟླ་བ་དང་པོའི་ཚེས་བཅུའི་གཟབ་གསོལ་སྐབས་གཞུང་བསྟེན་ཆོས་སྐྱོང་རྣམ་པས་བཀའ་ལུང་ཕེབས་དོན་བཞིན་༸རྒྱལ་བའི་སྐུ་ཕྱྭ་དང་། བོད་ཀྱི་བསྟན་སྲིད་བདེ་ཐབས། འབྱུང་བའི་གནོད་པ་བཟློག་ཐབས། སྙིགས་དུས་སྐྱེ་འགྲོ་བསོད་ནམས་དམན་པས་བསོད་ནམས་གསོག་ཕྱིར་རྐྱེན་སེལ་རིམ་གྲོར་མདོ་སྡེ་བསྐལ་བཟང་༼ཚར་ ༡༠༽དག་སྒྲོག་དང༌། འཕགས་པའི་གནས་བརྟན་ཕྱག་མཆོད་དང་འབྲེལ་མཆོད་སྤྲིན་སྟོང་ཚར། འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཚོགས་མཆོད་དང་འབྲེལ་འཕགས་པའི་བསྟོད་ཆེན་སྟོང་ཚར། འདོད་ཁམས་བདག་མོར་བསྐང་བཤགས་འབུམ་ཐེར་བཅས་དམིགས་བསལ་གནད་སྨིན་གསུང་འདོན་གནང་དགོས་པའི་བཀའ་ཡིག་ཕེབས་དོན་བཞིན་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༤ སྟེ་རེ་གཟའ་སྤེན་པའི་ཉིན་འདི་ག་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་སྐྱབས་རྗེ་མཁན་ཚབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བའི་བཤེས་གཉེན་འདུས་ཚོགས་དམངས་དང་བཅས་པ་ནས་མདོ་སྡེ་བསྐལ་བཟང་༼ཚར་ ༡༠༽དག་སྒྲོག་དང༌། འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཚོགས་མཆོད་དང་འབྲེལ་འཕགས་པའི་བསྟོད་ཆེན་སྟོང་ཚར་བཅས་དམིགས་བསལ་གནད་སྨིན་སྒྲུབ་གནང་བཞིན་པ།






