ཕྱག་འདེབས་པ་པོ་ཀུན་མཁྱེན་བྱང་ཆུབ་འབུམ་པ་མཆོག

༈ འཇམ་མགོན་རྒྱལ་བ་གཉིས་པའི་སློབ་མ་ཕྱི་མཐར་སྐྱོང་བའི་དར་ཆེན་བདུན་གྱི་ནང་ཚན་མདོ་ཁམས་པ་ཀུན་མཁྱེན་བྱང་ཆུབ་འབུམ་པ་དེ་ཉིད་ཀྱིས་ཕྱག་བཏབ་པ་ཡིན། ཀུན་མཁྱེན་ཉིད་ནི། རྒྱལ་མཆོག་བདུན་པ་ཆེན་པོ་སྐལ་བཟང་རྒྱ་མཚོའི་གསུངས་ལས། མཁྱེན་རབ་རིན་ཆེན་རྩེ་ངོས་ཆོས་ཀུན་ལ། བྱང་ཆུབ་སེམས་དཔའི་འདྲ་གཟུགས་འབུམ་སྤྲོས་པས། མཁས་དབང་འཆི་མེད་ཡོངས་ཀྱི་དགའ་སྟོན་གཏེར། འཇིར་འཇིགས་འགྲོ་བའི་མགོན་པོ་རྒྱལ་གྱུར་ཅིག ཞེས་བསྔགས་པ་ལྟར། དམ་པ་དེ་ཉིད་ཀྱི་འཁྲུངས་ཡུལ་ནི་བོད་ཆོས་ཁ་གསུམ་གྱི་ནང་ཚན་སྨད་མདོ་ཁམས་སྒང་དྲུག་གི་ནང་ནས་སྨར་ཁམས་གང་དུ་སྐུ་འཁྲུངས། མཚན་ལ་བྱང་ཆུབ་འོད་ཟེར་ཞེས་གསོལ། འབུམ་པ་ཞེས་པ་དེ་ཡུལ་གྱི་མིང་ཡིན་ལ་དེ་ཡང་བོད་དུ་རྒྱ་བཟའ་ཕྱི་མ་ཀིན་ཤིན་ཀོ་ངོས་ས་དེར་སངས་རྒྱས་རྣམ་སྣང་གི་རྡོ་སྐུ་ཆེན་པོ་ཞིག་བཞེངས་པས་དེ་ནས་ཡུལ་དེར་འབུམ་པ་ཞེས་བཏགས་པ་དང་། དམ་པ་དེ་ཉིད་ཡུལ་དེར་འཁྲུངས་པས་ན་བྱང་ཆུབ་འབུམ་པ་ཞེས་བརྗོད་པ་ཡིན། གཞན་ཡང་རྒྱལ་མཆོག་བདུན་པ་ཆེན་པོའི་གསུངས་ལས། དུས་གསུམ་རྣམ་པ་འཆར་བཟོད་བདེ་ཆེན་གྱིས། ཞེས་སོགས་གསུངས་པ་དང་། ཐུའུ་བཀཱན་ཆོས་ཀྱི་ཉི་མས་ཀྱང་། མདོ་སྨད་པ་ཤེས་རབ་བཟང་པོས་ཆབ་མདོ་དགོན་པོ་ཕྱག་འདེབས་རྒྱུའི་མ་འོངས་ལུང་བསྟན་པ་སོགས་མངོན་ཤེས་མངའ་བའི་དམ་དེ་ནི་སྨད་ནས་དབུས་སུ་བྱོན་དེ་རྗེ་ཡབ་སྲས་རྣམས་ལ་ཟབ་རྒྱས་ཆོས་མང་དུ་གསན། ལྷག་ར་གུང་རུ་རྒྱལ་མཚན་བཟང་པོ་རང་གི་ཡོངས་འཛིན་དུ་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལ་སྦྱང་པ་མཐར་ཕྱིན་པར་མཛད། སེ་རའི་མཁན་ཐོག་གསུམ་པ་། གུང་རུ་རྒྱལ་མཚན་བཟང་པོ་དེ་ཉིད་སེ་ར་དུ་འཆད་ཉན་རྒྱ་ཆེན་པོར་སྤེལ་བས་ན་རྒྱ། འབྲོམ་སྟེང་། སྟོད་སྨད་གཉིས་དང་བཅས་པ་གྲྭ་ཚང་བཞི་བྱུང་བ་ལས་རྒྱལ་མཚན་བཟང་པོས་གྲྭ་ཚང་དེ་དག་ལ་འཆད་ཉན་རེ་རེ་བསྐོས་པའི་ནང་ནས་། ཀུན་མཁྱེན་བྱང་ཆུབ་འབུམ་པ་མཆོག་སེར་སྨད་གྲྭ་ཚང་གི་འཆད་ཉན་པ་ཡིན། ཕྱི་ལོ་ ༡༤༡༩ ལོར་སེ་ར་ཐེག་པ་ཆེན་པོའི་གླིང་ཕྱག་བཏབ་པའི་ལོ་གཉིས་རྗེས་རབ་བྱུང་བདུན་པ་ལྕགས་གླང་ ༡༤༢༡ ལོར་གྲྭ་ཚང་འདི་ཉིད་ཕྱག་འདེབས་པ་ཡིན་ཞིང་། དེ་ནས་གཡུ་བརྩོན་འགྲུས་བཟང་པོ་ནས། ད་ལྟའི་བར་མཁན་པོ་ཀོང་དགེ་བཤེས་བཀྲ་ཤིས་ཚེ་རིང་མཆོག་གི་བར་མཁན་རབས་གོ་གཅིག་ཐམ་པ་བྱུང་བ་ཡིན་ནོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།