གྲྭ་ཚང་གི་ལོ་རྒྱུས་སྙིང་བསྡུས།

༄༅། །གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་འདི་ཉིད་རྗེའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱི་ལོ་ ༡༤༡༩ ལོར་ཕྱག་བཏབ། ཐོག་མར་གདན་ས་འདིར་སྟོད་པ་གྲྭ་ཚང་དང་། སྨད། རྒྱ། འབྲོམ་ཞེས་གྲྭ་ཚང་བཞི་བྱུང༌། དེའི་ནང་ཚན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་འདི་ཉིད་ནི་རྗེའི་དངོས་སློབ་མདོ་ཁམས་པ་ཀུན་མཁྱེན་བྱང་ཆུབ་འབུམ་པ་མཆོག་གིས་རབ་བྱུང་བདུན་པ་ལྕགས་གླང་ཕྱི་ལོ་ ༡༤༢༡ ལོར་ཕྱག་བཏབ་སྟེ་འཆད་སྤེལ་གནང་ཞིང་། སེ་རའི་འཆད་ཉན་པ་གུང་རུ་རྒྱལ་མཚན་བཟང་པོས་གྲྭ་ཚང་བཞི་རེ་རེར་འཆད་ཉན་པ་རེ་བསྐོས་པ་ལས། ཀུན་མཁྱེན་བྱང་ཆུབ་འབུམ་པ་སེར་སྨད་གྲྭ་ཚང་གི་འཆད་ཉན་པར་བསྐོས། ཁོང་གི་རྗེས་སུ་མཁན་རབས་གཉིས་པ་གཡུ་བརྩོན་འགྲུས་བཟང་པོ་སོགས་རིམ་པར་བྱོན་པ་ནས་སྤོ་འབོར་ཡང་སྟེང་པ་ངག་དབང་གྲགས་པའི་བར་མཁན་ཐོག་བདུན་ཅུ་དོན་དགུ་བྱོན་པ་རྣམས་ནི་ཕྱི་ལོ་ ༡༤༡༩ ནས་ཕྱི་ལོ་ ༡༩༥༩ བར་གྱི་མཁན་རབས་རྣམས་ཡིན།

གྲྭ་ཚང་འདིར་སྔོན་ནས་ད་བར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དུ་མ་ཞིག་བྱོན་ལ། འགའ་ཞིག་གི་མཚན་མདོར་ཙམ་སྨོས་ན། གུང་རུ་རྒྱལ་མཚན་བཟང་པོ། ཀུན་མཁྱེན་བྱང་ཆུབ་འབུམ་པ། མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས་ལ་སོགས་པའི་མཚན་དངོས་སུ་འཁོད་པའི་དགའ་ལྡན་ཁྲི་པ་བཅུ་དགུ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ། བོད་ཀྱི་རྒྱལ་སྤྲུལ་ཚེ་སྨོན་གླིང་། པཎ་ཆེན་བློ་གྲོས་ལེགས་བཟང་། རྗེ་བཙུན་གྲགས་པ་བཤད་སྒྲུབ། རྒྱལ་དབང་འཕྲིན་ལས་རྣམ་རྒྱལ། ཨ་ར་གྲུབ་ཐོབ་ཐར་པའི་རྒྱལ་མཚན། ཤར་ཆེན་ངག་དབང་ཚུལ་ཁྲིམས། སྤང་ལུང་བློ་བཟང་ཐུགས་རྗེ། སྐྱབས་རྗེ་ལྷ་བཙུན་རྡོ་རྗེ་འཆང་། རྗེ་ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། དུང་དཀར་རིན་པོ་ཆེ་བློ་བཟང་འཕྲིན་ལས། དགེ་བཤེས་ཡེ་ཤེས་དབང་ཕྱུག དགེ་བཤེས་ཡེ་ཤེས་སྟོབས་ལྡན་ལ་སོགས་པའི་མཁས་པ་དང་གྲུབ་པའི་ཡོན་ཏན་གྱི་དཔལ་མངའ་བ་བསམ་གྱིས་མི་ཁྱབ་པ་བྱོན་ནས། བཀའི་དགོངས་འགྲེལ་གྱི་བསྟན་བཅོས་དང༌། རྒྱལ་རབས་ཆོས་འབྱུང་། རིག་གནས་སྨན་རྩིས་སོགས་ལེགས་བཤད་རྨད་དུ་བྱུང་བ་ཡང་མང་དུ་བརྩམས་ནས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཡོད།

བྱེས་ཀྱི་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་།

ཕྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་བཙན་བཟུང་བྱས་རྗེས། བོད་མི་མང་དག་ཅིག་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་གཟིགས་སྐྱོང་གིས་སྦག་ས་ཆོས་སྒར་ཞེས་པའི་རྒྱ་གར་ནུབ་བྷཾ་གལ་གྱི་ས་ཁུལ་ཞིག་ཏུ་ས་དགེ་བཀའ་རྙིང་གི་དགེ་འདུན་པ་མང་དག་ཅིག་གིས་རང་རང་གི་ཆོས་དང་། རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གང་ལེགས་གནང་སྟེ་ལོ་ངོ་བཅུ་ཙམ་བཞུགས། ཕྱི་ལོ་ ༡༩༦༩ ལོར་སྦག་ས་ཆོས་སྒར་གྱི་དགེ་འདུན་ཚང་མ་རྒྱ་གར་གྱི་མངའ་སྡེ་ཀ་ན་ཊའི་བོད་མིའི་གཞིས་སྒར་ཁག་ལ་གནས་སྤོ་བྱས་པ་བཞིན། སེར་སྨད་གྲྭ་ཚང་འདི་ཡང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁོངས་སུ་ཆགས། དེ་ནས་རང་ཡུལ་བོད་སེ་ར་དགོན་པ་དང་། རྒྱ་གར་སེ་ར་དགོན་པ་ཞེས་གཞིས་བྱེས་གཉིས་སུ་གྲྭ་ཚང་སོ་སོར་གནས་སོ།

གྲྭ་ཚང་འདི་ནས་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་གྲྭ་རྒྱུན་གསར་བཅུག་དང་འབྲེལ། འཛིན་གྲྭ་རིམ་བགྲོད་ཀྱིས་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་སྤེལ། འཕགས་ཡུལ་དུ་མཁན་རབས་དང་པོ་སྤྱིར་མཁན་ཐོག་བརྒྱད་ཅུ་པ་གཞུང་དགས་པ་ཁྲི་སྤྲུལ་རིན་པོ་ཆེ་ནས། མཁན་ཐོག་གོ་གཅིག་པ་ཀོང་པོ་དགེ་བཤེས་བཀྲ་ཤིས་ཚེ་རིང་མཆོག་གི་བར་བྱོན་ཏེ་བསྟན་པའི་རྒྱལ་མཚན་དགུང་དུ་བཏེགས་སོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།