བྱམས་སྨོན་སྒྲུབ་མཆོད་ཆེན་མོ།

༈ བྱམས་སྨོན་སྒྲུབ་མཆོད་ཆེན་མོའི་ལོ་རྒྱུས་དང་འགྲེལ་བཤད་སྙིང་བསྡུས།

༄༅། །མཁས་གྲུབ་བྱེ་བའི་འབྱུང་གནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ལོ་འཁོར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེ་གྲས་ཡོང་གྲགས་སུ་ ༼བྱམས་སྨོན་སྒྲུབ་མཆོད་ཆེན་མོ་༽ འདི་ཉིད་ཀྱི་བྱུང་བ་མདོ་ཙམ་བརྗོད་ན། དེ་ཡང་རྗེ་བཙུན་བྱམས་པ་མགོན་པོའི་རྣམ་རོལ་དུ་ཡོངས་སུ་གྲགས་པ་གནས་ལྔ་རིགས་པའི་དབང་ཕྱུག་དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ་མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས་མཆོག་གིས་རྒྱལ་བའི་མདོ་རྒྱུད་དགོངས་འགྲེལ་གྱི་འཕགས་བོད་གཞུང་ལུགས་ཐམས་ཅད་གཅིག་ཏུ་བསྡུས་པའི་ཉིང་ཁུ་རིན་བྲལ་གསུང་རྩོམ་རྣམས་སེར་སྨད་གྲྭ་ཚང་གི་མཚན་ཉིད་ཡིག་ཆར་གཙོར་གཟུང་མཛད་པའི་རྟེན་འབྲེལ་ཀྱི་ཆོས་ཉིད་ལ་བརྟེན་ནས་ལུགས་གཉིས་ཀྱི་མཛད་བཟང་དར་དཀར་ཡུག་གཅིག་གིས་གངས་ལྗོངས་སྣོད་བཅུད་ཀྱི་དགེ་མཚན་བླ་ན་བསྒྲེངས་པར་མཛད་པའི་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་༸གོང་ས་ཆེན་པོའི་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང། དེ་ལ་བརྟེན་ནས་བསྟན་འགྲོ་བདེ་ཐབས་དང། མ་འོངས་རྣམ་འདྲེན་ལྔ་པ་རྒྱལ་བ་བྱམས་པ་མགོན་པོའི་བསྟན་པ་ཤར་བའི་ཚེ་འཁོར་གྱི་ཐོག་མར་སྐྱེས་ཤིང་གསུང་གི་བདུད་རྩི་མྱོང་བའི་ཚོགས་གསག་གི་བགོ་སྐལ་བཟང་པོར་ཆེད་དམིགས་ཀྱིས་གསར་འཛུགས་བསྐྱངས་པ་ཞིག་ཡིན། དེ་སྔ་བོད་དུ་དགུན་ཆོས་ཆེན་མོ་ཞེས་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ལྔ་ནས་བཅུ་གཉིས་པའི་ཚེས་བཅོ་ལྔའི་བར་བྱམས་སྨོན་སྒྲུབ་མཆོད་ཉིན་ཉི་ཤུ་རྩ་གཅིག་གི་རིང་འཚོག་གི་ཡོད། འོན་ཀྱང་བཙན་བྱོལ་དུ་འབྱོར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་ཆོས་ཀྱིས་མཚོན་གལ་ཆེའི་གཞུང་འབྲེལ་ལས་དོན་ཁག་ལ་བབས་བསྟུན་གྱིས་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་གྲངས་ངེས་མེད་ལ་ཉིན་གྲངས་བདུན་གྱི་རིང་སྔ་ཐོག་ཆུ་ཚོད་གཉིས་དང་ཕྱེད་ཀ་ནས་དགོང་དྲོ་ཆུ་ཚོད་བརྒྱད་པའི་བར་ཚོགས་ཐེངས་བཞི་རེའི་ཐོག་དགེ་འདུན་འདུས་པ་རྒྱ་མཚོ་ནས་ཀུན་སློང་རྣམ་དག་གིས་ཐོག་དྲངས་ཏེ། གཙོ་བོ་འཕགས་པ་བྱམས་པའི་སྨོན་ལམ་གྲངས་གསོག་དང། དེ་བཞིན་ཆོས་སྤྱོད་ཀྱི་རིམ་པ་ཁག  སྒྲོལ་མ་འཁོར་བཅས།  གདུགས་ཤེར་སེང་གསུམ། སྨོན་ལམ་རྣམ་བརྒྱད། དགོང་དྲོར་སྤྱན་འདྲེན་ཁྲུས་གསོལ་དང་བཀྲ་ཤིས་ཚིགས་བཅད་སོགས་ཀྱི་གོ་རིམ་འཆུག་མེད་དང། ཉིན་མཐའ་མའི་ཐོ་རེངས་སུ་སྨན་བླ་མདོ་ཆོག་རྒྱས་པ་དང་ཆོས་སྤྱོད་སོགས་ཀྱི་གོ་རིམ་འཆུག་མེད་དང། ཉིན་མཐའ་མའི་ཐོ་རེངས་སུ་སྨན་བླ་མདོ་ཆོག་རྒྱས་པ་དང་ཆོས་སྤྱོད་བླ་བརྒྱུད་ཀྱི་རིམ་པ་ཁག གཏོར་འབུལ་དང། བསྔོ་སྨོན་བཀྲ་ཤིས་བཅས་མཇུག་ཆོག་གི་རིམ་པ་རྣམས་རྟ་འདུར་དབྱངས་གསུམ་གྱི་སྒོ་ནས་ཕྱི་རུ་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང། ནང་དུ་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་སར་འགྲོ་ངེས་སུ་ཞུ་བཞིན་ཡོད། ད་ལམ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ། བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བ་འཛམ་གླིང་ཞི་བདེ་ཡོང་བ། གཞིས་བྱེས་མཉམ་འཛོམ་ཀྱི་ཉི་མ་མྱུར་དུ་འཆར་བ། དད་ལྡན་འབྲེལ་ཡོད་སྦྱིན་བདག་འདས་གསོན་ཡོངས་ཀྱི་ཕྲལ་ཡུན་གྱི་དགོས་དོན་མཐའ་དག་འབད་མེད་ལྷུན་གྱི་གྲུབ་པ་སོགས་ལེགས་ཚོགས་དུ་མའི་ཆེད་དུ་གོང་གསལ་ལྟར་ཉིན་བདུན་རིང་ཚོགས་རྒྱུ་ལགས་ན། དད་ལྡན་དོན་གཉེར་ཅན་རྣམས་ནས་ཕྱག་འཚལ་སྐོར་བ་དང་མཆོད་འབུལ་དགེ་རྩ་ཅི་ལྕོགས་བསྒྲུབ་ཐུབ་ན་སེར་སྐྱ་ཚང་མས་སྤྱི་མཐུན་གྱི་བསོད་ནམས་རླབས་པོ་ཆེ་རྫོགས་པར་གདོན་མི་ཟ་བས་སྒོ་གསུམ་དགེ་ལ་འབད་པར་འཚལ།

ཆོས་བརྡ་གསལ་བསྒྲགས།

༄༅། །མཁས་གྲུབ་བྱེ་བའི་འབྱུང་གནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ལོ་འཁོར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེ་གྲས་ཡོངས་གྲགས་སུ་ ༼བྱམས་སྨོན་སྒྲུབ་མཆོད་ཆེན་མོ་༽ འདི་ཉིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། གཙོ་བོ་གྲྭ་ཚང་འདི་ཉིད་ལ་འབྲེལ་བ་ཐོགས་པའི་དད་ལྡན་འདས་གསོན་ཡོངས་དང་ལྷག་པར་རྒྱལ་སྤྱིའི་དཔའ་བོ་དཔའ་མོ་འདས་གསོན་རྣམས་ཀྱི་ཡིད་ལ་བཅང་པའི་ཕྲལ་ཡུན་གྱི་དགོས་དོན་དུ་མའི་ཆེད་དུ་བོད་ཟླ་ ༡༠ ཚེས་ ༠༥ ནས་ཚེས་ ༠༩ བར་ཉིན་རེར་ཚོགས་ཐེངས་བཞི་རེའི་ཐོག་དགེ་འདུན་འདུས་པ་རྒྱ་མཚོ་ནས་གཙོ་བོ་འཕགས་པ་བྱམས་པའི་སྨོན་ལམ་གྲངས་གསོག་དང། དེ་བཞིན་ཆོས་སྤྱོད་ཀྱི་རིམ་པ་ཁག  སྒྲོལ་མ་འཁོར་བཅས།  གདུགས་ཤེར་སེང་གསུམ། སྨོན་ལམ་རྣམ་བརྒྱད། དགོང་དྲོར་སྤྱན་འདྲེན་ཁྲུས་གསོལ་དང་བཀྲ་ཤིས་ཚིགས་བཅད་སོགས་ཀྱི་གོ་རིམ་འཆུག་མེད་དང། ཉིན་མཐའ་མའི་ཐོ་རེངས་སུ་སྨན་བླ་མདོ་ཆོག་རྒྱས་པ་དང་ཆོས་སྤྱོད་བླ་བརྒྱུད་ཀྱི་རིམ་པ་ཁག་གཏོར་འབུལ་དང། བསྔོ་སྨོན་བཀྲ་ཤིས་བཅས་མཇུག་ཆོག་གི་རིམ་པ་རྣམས་རྟ་འདུར་དབྱངས་གསུམ་གྱི་སྒོ་ནས་ཕྱི་རུ་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང། ནང་དུ་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་སར་འགྲོ་ངེས་སུ་ཞུ་རྒྱུ་ལགས་ན། དད་ལྡན་དོན་གཉེར་ཅན་རྣམས་ནས་ཕྱག་འཚལ་སྐོར་བ་དང་མཆོད་འབུལ་དགེ་རྩ་ཅི་ལྕོགས་བསྒྲུབ་ཐུབ་ན་སེར་སྐྱ་ཚང་མས་སྤྱི་མཐུན་གྱི་བསོད་ནམས་རླབས་པོ་ཆེ་རྫོགས་པར་གདོན་མི་ཟ་བས་སྒོ་གསུམ་དགེ་ལ་འབད་པར་འཚལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།