སེར་སྨད་ཐོས་བསམ་སློབ་གྲྭ།

སེར་སྨད་ཐོས་བསམ་སློབ་གྲྭའི་སྒྲུབ་བྱ་གཙོ་བོ་ནི། བྱམས་སྙིང་རྗེ་དང་ཤེས་རབ་གཉིས་ལྡན་གྱིས་སྤྱི་ཚོགས་ནང་ཞབས་ཞུ་གནང་མཁན་གྱི་མི་བཟང་པོ་ཞིག་བསྐྲུན་རྒྱུ།

སེར་སྨད་ཐོས་བསམ་སློབ་གྲྭའི་བྱེད་སྒོ་གཙོ་བོ་ནི། དཔལ་ན་ལེན་ཌ་ནས་བརྒྱུད་པའི་སྲོལ་རྒྱུན་གྱི་རིག་གནས་ཀྱི་དམངས་གཞི་དང་དེང་དུས་ཀྱི་ཤེས་ཡོན་གལ་ཆེ་རྣམས་ཚད་ལྡན་འབུལ་རྒྱུ།

ཞོགས་པ་ལྷན་ཚོགས་སུ་གང་བློ་མ་འདོན་བཞིན་པ།

སློབ་ཕྲུག་གི་གྲངས་དང་འཛིན་གྲྭ། ༢༠༡༩ ལོའི་ནང་སློབ་ཕྲུག་གསར་པ་གྲངས་བསྡོམས་༢༤༧བྱུང་ཡོད་པ་དང་ད་ལྟའི་ཆར་སློབ་གྲྭའི་ནང་སློབ་ཕྲུག་ཁྱོན་བསྡོམས་ ༦༤༧ ཡོད། སློབ་ཕྲུག་གི་གྲངས་ཚད་འདི་ནི་ད་བར་སློབ་གྲྭའི་ནང་སློབ་ཕྲུག་གི་གྲངས་ཚད་མཐོ་ཤོས་ཆགས་ཡོད། སློབ་གྲྭར་འཛིན་གྲ་སྔོན་འགྲོ་འོག་མ་དང་གོང་མ། དམིགས་བསལ་འཛིན་གྲྭ འཛིན་རིམ་དང་པོ་ནས་བརྒྱད་པའི་བར་ཡོད། འཛིན་རིམ་འོག་མ་རྣམས་སུ་སློབ་ཕྲུག་གི་གྲངས་འབོར་མང་བའི་རྐྱེན་གྱིས་སློབ་ཕྲུག་དང་དགེ་རྒན་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོང་གཞིར་བརྟེན་སློབ་གྲྭའི་ནང་འཛིན་གྲྭ་སྡེ་ཚན་ཁྱོན་བསྡོམས ༢༥ ནང་དབྱེ་ཡོད།

སློབ་ཚན། བོད་སྐད་དང་བོད་ཀྱི་བརྡ་སྤྲོད་རིག་པ།    ཨིན་ཇིསྐད་ཡིག།   ཨང་རྩིས།   ཚན་རིག། སྤྱི་ཚོགས་སློབ་ཚན་བཅས་སློབ་འཕྲིད་བྱེད་བཞིན་ཡོད།  སྔོན་འགྲོ་འོག་མ་ནས་འཛིན་གྲྭ་བརྒྱད་པའི་བར་གྱི་སློབ་ཚན་འཕྲིད་རྒྱུའི་ཐབ་ལམ་དེ་བོད་ཡིག་དང་བོད་སྐད་རང་གི་ཐོག་ནས་འཕྲིད་རྒྱུ་དང་ད་ལྟའི་ཆར་དམའ་རིམ་འཛིན་གྲྭ་ནས་འགོ་འཛུགས་ཡོད།

འཛིན་ཁང་དང་ལྷན་ཚོགས་ཀྱི་མདུན་ཐང་།

འཛིན་སྐྱོང། འཛིན་སྐྱོང་ནང་སློབ་སྤྱི། དགེ་རྒན་ཆེན་མོ། དགེ་རྒན་ཆེན་མོའི་ལས་རོགས་བཅས་གསུམ་ཡོད།

དགེ་རྒན། སློབ་གྲྭའི་ནང་སློབ་ཕྲུག་འཛུལ་ཞུགས་གནང་མཁན་ཇེ་མང་དུ་སོང་བར་བརྟེན་དགེ་རྒན་གྱི་གྲངས་ཚད་མང་དུ་གཏོང་དགོས་པས་ད་ལྟའི་ཆར་རང་ཁོངས་དགེ་རྒན་སེར་མོ་བ་གྲངས་ ༡༡ དང་ སྐྱ་བོ་དགེ་རྒན་ཕོ་མོ་ ༢༩ བཅས་ཁྱོན་བསྡོམས་དགེ་རྒན་གྲངས་ ༣༠ ཡོད (དགེ་འདུན་པ་དགེ་རྒན་གྲངས་བཅུ་ཅིག་ནས་བདུན་ཉིན་མོའི་སློབ་གྲྭ་རང་གི་དགེ་རྒན་དང་། བཞི་དགོང་དྲོའི་སྐྱོར་སྦྱང་དགེ་རྒན་དང་ཉིན་མོའི་སློབ་གྲྭའི་དགེ་རྒན་གཅིག་ལྕོགས་གནང་གི་ཡོད།)

ལས་བྱེད། དངུལ་གཉེར།   རྩིས་པ།   དཔལ་འབྱོར་མཁོ་བསྒྲུབ་པ།   དྲུང་ཡིག་   ཇ་མ།   གད་པ་བཅས་དྲུག་ཡོད།

༢༠༡༩ལོའི་ནང་ཤེས་ཡོན་དང་འབྲེལ་བ། རྒྱུན་དུ་འཛིན་གྲྭའི་ནང་འཁྲིད་པའི་སློབ་ཚན་ཐོག་སློབ་ཕྲུག་རྣམས་ལ་ཤེས་ཡོན་ཡར་རྒྱས་དང་གོ་རྟོགས་སྤེལ་ཆེད།

དབྱིན་ཇི་དང་བོད་སྐད་ཐོག་ནས་བགྲོ་གླེང་། ཨིན་ཇི་དང་བོད་ཡིག་གི་རྩོམ་འགྲན་སྡུར། དབྱིན་ཇི་དང་བོད་ཡིག་གི་དག་ཆ་འགྲན་སྡུར།སྤྱིར་སྟངས་ཤེས་བྱའི་ཐོག་དྲི་བ་དྲི་ལན།

རྒྱུགས་སྤྲོད། ཡིག་རྒྱུགས་ཁག་མི་འདྲ་བ་ཁག་བཞི་བཏང་ཡོད་ཟླ་རེའི་འཛིན་གྲྭའི་ནང་གི་རྒྱུགས་སྤྲོད་རྒྱུགས་ཐེངས་དང་པོ་། ལོ་ཕྱེད་རྒྱུགས་སྤྲོད། ལོ་འཁོར་རྒྱུགས་སྤྲོད།

རྒྱུགས་སྤྲོད་གྲུབ་འབྲས།

སློབ་ཕྲུག་གྲངས་ ༣༢༨ ནས་རྒྱུགས་འཕྲོད་མཁན་ ༣༡༨། རྒྱུགས་མ་འཕྲོད་མཁན་སློབ་ཕྲུག་ ༡༠། རྒྱུགས་སྤྲོད་ནང་མཉམ་བཞུགས་གནང་མེད་མཁན་སློབ་ཕྲུག་ ༧། སྔོན་འགྲོ་འོག་མ་དང་གོང་མ་གཉིས་ཀྱི་ནང་སློབ་ཕྲུག་ ༣༡༩ ལ་དམིགས་བསལ་གྱི་རྒྱུགས་སྤྲོད་གཏོང་མེད།

འཛིན་སྐྱོང་དང་ཤེས་ཡོན་ཐོག་ལམ་སྟོན། སློབ་གྲྭའི་འཛིན་སྐྱོང་དང་ཤེས་ཡོན་ཡར་རྒྱས་གོང་འཕེལ་གཏོང་ཆེད་དཔལ་ལྡན་ཤེས་རིག་ལས་ཁུངས་དང་སཾམ་བྷོ་ཏྲ་སློབ་གྲྭའི་ལས་བྱེད་དང་དེ་མིན་སློབ་གྲྭའི་ཤེས་ཡོན་ཐོག་ཉམས་མྱོང་ཅན་རྣམས་ལ་འབྲེལ་བ་ཞུས་དང་ཞུ་མུས་ཡིན། སློབ་གྲྭའི་ནང་སློབ་སྤྱི་ཟུར་པ་དང་སཾ་བྷོ་ཏྲ་སློབ་གྲྭའི་འགན་འཛིན་གདན་ཞུས་ཐོག་ལས་བྱེད་དང་དགེ་རྒན་རྣམས་ལ་བཀའ་སློབ་ལམ་སྟོན་གནང་ཡོད།

འཕྲོད་བསྟེན།

སློབ་ཕྲུག་རྣམས་ཀྱི་འཕྲོད་བསྟེན་ཆེད་གྲྭ་ཚང་འཕྲོད་བསྟེན་ཁང་བརྒྱུད་ནས་ཝེ་ཐི་ནམ་ཨེམ་རྗེ་ཚོགས་པ་ཞིག་ནས་སློབ་ཕྲུག་ཡོངས་རྗོགས་བརྟག་དཔྱད་གནང་བའི་གྲུབ་དོན་ལ་སློབ་ཕྲུག་རྣམས་ལ་ཟས་བཅུད་འདང་གི་མེད་པ་གསུངས་པ་བཞིན་ད་ལྟའི་ཆར་སློབ་གྲྭར་དཔལ་འབྱོར་གྱི་མཐུན་རྐྱེན་ལེགས་པོ་མེད་ཙང་བདུན་རེའི་ནང་སློབ་ཕྲུག་ཚོར་འོ་མ་ཐེངས་གཉིས་འབུལ་གྱི་ཡོད་པ་དང་མ་འོངས་པར་ཉིན་བསྟར་འོ་མའམ་ཤིང་ཏོག་འབུལ་ཐུབ་པའི་འབད་བརྩོན་ཞུ་བཞིན་ཡོད།

སློབ་ཕྲུག་རྣམས་ཀྱི་འཐུང་ཆུའི་ཆེད་ཆུ་དྭངས་གཙང་བཟོ་ཆེད་ཀྱི་འཁྲུལ་འཁོར་ཞིག་གཙུགས་ཡོད།

སློབ་ཕྲུག་རྣམས་ཀྱི་ཕྱག་དཔེ་སློབ་ཁྲིད་ས་ཁུལ།

སློབ་གྲྭའི་ནང་འཕྲལ་གྱི་དགོས་མཁོ།

སློབ་གྲྭའི་ནང་གི་གསང་སྤྱོད་རྣམས་བཟོས་ཏེ་ཡུན་རིང་སོང་སྟབས་ཉམས་ཆག་ཆེན་པོ་བྱུང་འདུག་པ་དང་། གསང་སྤྱོད་རྣམས་སློབ་ཕྲུག་གི་འཕྲོད་བསྟེན་ཆེད་གལ་ཆེན་ཡིན་སྟབས་ཉམས་གསོ་བྱས་ནས་ལེགས་གྲུབ་བྱུང་ཡོད། སློབ་ཕྲུག་རྣམས་སློབ་གྲྭ་ནས་ཆོས་རྭ་རྙིང་པར་བསྐྱོད་སྐབས་སྐས་འཛེགས་རྣམས་ཞེང་ཁ་ཆུང་ཞིང་གཟར་པོ་ཡོད་པར་ བརྟེན་སློབ་ཕྲུག་རྣམས་བསྐྱོད་བདེ་ཡོང་ཆེད་སྐས་འཛེགས་གསར་པ་རྒྱ་ཆེ་བ་ཞིག་བཟོས་ཡོད། སྔ་དྲོ་འཛིན་གྲྭ་མ་ཚུགས་གོང་སློབ་ཕྲུག་རྣམས་སྒོམ་རྒྱབ་ཀྱི་ཡོད་སྟབས་དེའི་ཆེད་བཞུགས་གདན་གྲངས་ ༥༥༠ གསར་ཉོ་བྱས་ཡོད། ༢༠༢༠ ལོ་ནས་སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས་སྦྱོང་སྟངས་བྱང་ཤིང་སྟེང་འབྲི་རྒྱུ་འགོ་འཛུགས་བྱ་རྒྱུ་ཡིན་ལགས་ན་དེའི་ཆེད་བྱང་ཤིང་གྲངས་ ༡༠༠ ཐམས་པ་གསར་བཟོ་བྱས་ཡོད།

སློབ་ཕྲུག་གྲངས་འབོར་མང་དུ་ཕྱིན་ཏེ་འཛིན་ཁང་མ་འདང་བའི་དཀའ་ངལ་ཆེན་པོ་འཕྲད་པར་བརྟེན་ཆོས་རྭ་རྙིང་པའི་གཡས་གཡོན་གྱི་ཁང་པ་གཉིས་ལ་བཅད་རྒྱབ་སྟེ་འཛིན་ཁང་དགུ་བཟོ་རྒྱུའི་ལས་གཞི་འགྲོ་བཞིན་པ་དང་ ༢༠༢༠ ལོའི་སློབ་གྲྭ་འགོ་མ་ཚུགས་གོང་ལ་འཇུག་བསྒྲིལ་བྱ་རྒྱུ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།