ལོ་གཅིག་རིང་གི་དམིགས་བསལ་བྱེད་སྒོ་ཁག

༡༽ བོད་ཟླ་ ༡ ཚེས་ ༡ ལ་ལོ་གསར་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོར་ཐོ་རེངས་དུས་སུ་གྲྭ་ཇ་དང་། གྲྭ་ཇ་གྲོལ་མ་ཐག་གྲྭ་ཚང་གི་མཁན་པོ་དང་། བླ་སྤྲུལ་ཆེ་ཆུང་ཁག་མཇལ་ཁ་ཞུ་བ་དང་། རྟེན་དོད་མཇལ་དར་འབུལ་བར་གྲྭ་དམངས་སོ་སོ་བཅར་སྲོལ་ཡོད།

༢༽ བོད་ཟླ་ ༡ ཚེས་ ༨ ནས་སེ་ར་ཐེག་ཆེན་གླིང་གི་གྲྭ་ཚང་གཉིས་ཀྱི་དགེ་འདུན་ཚང་མ་སེ་ར་ཚོགས་ཆེན་འདུ་ཁང་ནང་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་སྔར་སྲོལ་བཟང་པོ་དེ་བཞིན་ཚུགས་ཀྱི་ཡོད། སྨོན་ལམ་འཚོགས་པའི་རིང་གདན་ས་གསུམ་གྱི་ལྷ་རམས་དགེ་བཤེས་རྣམས་རེས་མོས་ཀྱི་སྨོན་ལམ་དང་། དམ་བཅའ་སོགས་ལ་ཕེབས་ཀྱི་ཡོད།

༣༽ བོད་ཟླ་ ༡ ཚེས་ ༢༦ ཉིན་ལོ་གཅིག་གི་ཆོས་ཐོག་གི་ཐོག་མ་དཔྱིད་ཆོས་དང་པོ་ཚུགས་ཀྱི་ཡོད། བོད་ཟླ་ ༡ ཚེས་ ༢༧ དང༌ ༢༨ གཉིས་ལ་ཁང་ཚན་སོ་སོར་དམ་བཅའ་ཚུགས་མུས།

༤༽ བོད་ཟླ་ ༡ ཚེས་ ༢༩ དང༌ཚེས་ ༣༠ གནམ་གང་ལ་བཅས་ལ་དགེ་བཤེས་ཚོགས་རམས་པའི་དམ་འཇོག་དང་འབྲེལ། འདུས་དམངས་ལ་བསྙེན་བཀུར་གཟབ་འབུལ་ཞུ་བ་དང་ཆབས་ཅིག གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་བྱས་པའི་འབྲས་རྟགས་སུ་དགེ་བཤེས་ཚོགས་རམས་པའི་ཕྱག་འཁྱེར་འབུལ་གྱི་ཡོད།

༥༽ བོད་ཟླ་ ༢ ཚེས་ ༡༨ ཞོགས་པ་ཆོས་ར་ཤིས་བརྗོད་ཅེས་པ་ཆོས་ཐོག་གཅིག་ཚོགས་ཟིན་པའི་བསྔོ་སྨོན་བཀྲིས་བྱེད་པ་ཡིན།

༦༽ བོད་ཟླ་ ༣ ཚེས་ ༦ ཉིན་མོར་སྔ་དྲོ་དཔྱིད་ཆོས་ཆེན་མོའི་ཡར་ཚོགས་ཀྱི་སྙན་སེང་འབུལ་གྱི་ཡོད།

༧༽ བོད་ཟླ་ ༣ ཚེས་ ༨ ལ་དཔྱིད་ཆོས་ཆེན་མོའི་ཆོས་ར་ཡར་ཚོགས་བྱེད་པ་ཡིན། བོད་ཟླ་ ༣ ཚེས་ ༩ དང་ཚེས་ ༡༠ ལ་ཁང་ཚན་སོ་སོར་དམ་བཅའ་ཚུགས་ཀྱི་ཡོད།

༨༽ བོད་ཟླ་ ༣ ཚེས་ ༡༡ དང༌ ༡༢ སོ་སོར་དབྱར་གླིང་དགེ་བཤེས་ཀྱི་དམ་འཇོག་དང་འབྲེལ་འདུས་དམངས་ལ་བསྙེན་བཀུར་ཞུ་བ་དང་ཆབས་ཅིག གླིང་བསྲེ་དགེ་བཤེས་ཀྱི་ཕྱག་འཁྱེར་འབུལ་སྲོལ་ཡོད།

༩༽ བོད་ཟླ་ ༤ ཚེས་ ༧ ལ་ཆོས་ར་ཤིས་བརྗོད་ཅེས་དཔྱིད་ཆོས་ཆེན་མོའི་ཆོས་ར་གྲོལ་བའི་བསྔོ་སྨོན་བཀྲིས་བྱེད་པ་དང་། ཟླ་འདིའི་གཟའ་ཚེས་གང་བཟང་བའི་ཚེས་སྟོད་ལ་གྲྭ་ཚང་གི་དགེ་བསྐོས་ལགས་ནས་རིགས་ཆེ་ཆུང་ཚོགས་ལངས་ཞེས་པ་དེ་སློབ་གཉེར་བ་འཛིན་གྲྭ་གང་འཁེལ་བ་རྣམས་ལ་རྩོད་གཞུང་དང༌། བཤད་ལན་གང་འོས་གནང་བ་ཡིན། དེ་བཞིན་རིགས་ཆུང་ཚོགས་ལངས་ཀྱི་གནས་རིམ་ནི་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་གཞིར་གཞག་ཐོག་ནས་གནང་གི་ཡོད།

༡༠༽ བོད་ཟླ་ ༤ ཚེས་ ༡༧ ཉིན་དབྱར་ཆོས་དང་པོའི་ཆོས་ར་ཡར་ཚོགས་དང་། བོད་ཟླ་ ༥ ཚེས་ ༡ ཉིན་ཤིས་བརྗོད་མཛད་དེ་ཆོས་ཐོག་དེའི་ཆོས་གྲྭ་གྲོལ་བ་ཡིན།

༡༡༽ བོད་ཟླ་ ༥ ཚེས་ ༡ ནས་བཟུང་ཁང་ཚན་སོ་སོར་རིགས་ཆེ་ཆུང་གི་ཚོགས་ལངས་པ་རྣམས་ཀྱིས་དམ་བཅའ་འཇོག་གི་ཡོད།

༡༢༽ བོད་ཟླ་ ༥ ཚེས་ ༡༧ ཉིན་དབྱར་ཆོས་ཆེན་མོའི་ཡར་ཚོགས་དང་། ཚེས་ ༡༨ དང༌ ༡༩ གཉིས་ལ་ཁང་ཚན་སོ་སོར་ཤིང་སློང་དམ་བཅའ་ཚུགས། ཚེས་ ༢༠ ནས་དབྱར་གླིང་དགེ་བཤེས་ཀྱི་དམ་འཇོག་དང་། འདུས་དམངས་ལ་བསྙེན་བཀུར་ཞུ་བ་དང་། རིགས་རམས་དགེ་བཤེས་ཀྱི་ཕྱག་འཁྱེར་འབུལ་སྲོལ་ཡོད།

༡༣༽ བོད་ཟླ་ ༦ ཚེས་ ༡༥ ཉིན་ཆོས་ར་ཤིས་བརྗོད་ཅེས་པ་ཆོས་ཐོག་གཅིག་གི་ཆོས་ར་དངོས་གཞི་ཚོགས་ཟིན་ནས་བཀྲིས་བསྔོ་སྨོན་བྱེད་པ་ཡིན།

༡༤༽ བོད་ཟླ་ ༦ ཚེས་ ༡༥ ནས་བོད་ཟླ་ ༧ ཚེས་ ༣༠ བར་དགེ་འདུན་པ་རྣམས་དབྱར་གནས་མཛད་ནས་ཕྱི་ལོགས་སུ་དབྱར་ཁ་གང་བྱུང་དུ་ཕེབས་མི་ཆོག་པར་དགོན་པར་ཚུལ་མཐུན་བཞུགས་ནས་ཐོས་བསམ་སློབ་གཉེར་གཙོ་བོར་བྱེད་པ་ཡིན།

༡༥༽ བོད་ཟླ་ ༦ ཚེས་ ༢༥ ནས་བཟུང་སྔར་སྲོལ་བཞིན་རིགས་ཆུང་ཚོགས་ལངས་བཞེངས་མཁན་གྱི་སློབ་གཉེར་བ་རྣམ་པས་རང་ཉིད་ལ་གཞུང་གང་འོས་འཁེལ་བའི་ཕར་ཕྱིན་ཐེག་པའི་གཞུང་ལུགས་ཐོག ཐོས་བསམ་བྱས་པའི་འབྲས་བུར་དགེ་འདུན་འདུས་དམངས་ཚོགས་པའི་དབུས་སུ། གཟབ་མཆོར་སྤྲས་ནས་ལུང་རིགས་ཀྱིས་ལམ་ནས་དྲངས་ཏེ་བགྲོ་གླེང་བྱེད་པ་ཡིན། དེང་སྐབས་སེར་སྨད་གྲྭ་ཚང་ནང་ཚོགས་ལངས་པ་གྲངས་མང་དུ་བཏང་སྟེ་ཉིན་བརྒྱད་ཙམ་རིང་ཉིན་རེར་ཚོགས་ཐེངས་གཉིས་རེ་ཐོག་བགྲོ་གླེང་ཚོགས་དབུས་སུ་ཚུགས་བཞིན་པ་ཡིན། མ་ཟད་རང་རང་འདོད་མོས་དང་། འཁོས་དཔག་ལ་གཞིགས་པའི་སྐུ་འགྱེད་དང་། གྲྭ་ཇ་སྤྱི་འབུལ་བཅས་འབུལ་སྲོལ་ཡོད། རིགས་ཆུང་གི་གནས་རིམ་ཡང་ལོ་གསུམ་གྱི་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་བསྡོམས་ནས་ཨང་རིམ་གཞིར་བཟུང་ཐོག དགེ་བསྐོས་ལགས་ནས་བརྗིད་ཉམས་ཆེན་པོའི་སྒོ་ནས་གནང་སྲོལ་ཡོད་པ་མ་ཟད། འཛིན་གྲྭ་ཁག་དང་དེ་བཞིན་ཁང་ཚན་ཁག་ལ་ཉིན་གྲངས་བརྒྱད་རིང་དམ་བཅའ་འཇོག་དགོས། དེ་ནས་སྔ་རྒོལ་གྱི་གཞུང་རྟ་དང་། ཕྱི་རྒོལ་གྱི་རྩ་རྟགས་ལེགས་པར་སྦྱངས་ཐོག་ཚོགས་ལངས་དངོས་གཞི་གནང་རྒྱུ་དང་། ཚོགས་ལངས་གྲུབ་མ་ཐག གྲྭ་ཚང་ནས་ཕར་ཕྱིན་རབ་འབྱམས་པའི་མཚན་གནས་མཚོན་པའི་རིགས་ཆུང་ཕྱག་འཁྱེར་གནང་གི་ཡོད།

༡༦༽ བོད་ཟླ་ ༧ ཚེས་ ༡ ནས་ཉིན་གཉིས་རིང་སེ་ར་ཚོགས་ཆེན་འདུ་ཁང་ནང་གྲྭ་ཚང་གཉིས་ཀྱི་དགེ་འདུན་འདུས་དམངས་ཚོགས་པའི་དབུས་སུ། རིགས་ཆེན་ཚོགས་ལངས་པ་སྔ་རྒོལ་དང་། ཕྱི་རྒོལ་གྲྭ་ཚང་ཕན་ཚུན་རེས་མོས་ཀྱིས་འདུལ་བ་དང་། དབུ་མའི་གཞུང་ལུགས་སོགས་ལ་བགྲོ་གླེང་བརྒལ་བརྟག་གནང་སྲོལ་ཡོད།

༡༧༽ བོད་ཟླ་ ༧ ཚེས་ ༡༧ ལ་ཆབ་ཞུགས་ཆོས་ཐོག་གི་ཆོས་ར་ཡར་ཚོགས་བྱེད་ཀྱི་ཡོད། བོད་ཟླ་ ༧ ཚེས་ ༢༩ ལ་ཆོས་ར་ཤིས་བརྗོད་བྱེད།

༡༨༽ བོད་ཟླ་ ༧ པའི་གནམ་གང་ལ་དགག་དབྱེ་བྱས་ནས་དབྱར་གནས་གྲོལ་གྱི་ཡོད། དགེ་འདུན་པ་རྣམ་པས་དབྱར་གནས་དམ་པོ་སྲུང་བར་བརྟེན་བག་ཡངས་སམ་གུ་ཡངས་ཆེད་ཆབ་བཞུགས་ཞེས་ཉིན་བདུན་རིང་གུང་སེང་བྱེད་པ་ཡིན། གསོ་སྦྱོང་དང༌། དབྱར་གནས། དགག་དབྱེ་བཅས་ནི། སངས་རྒྱས་ཀྱིས་བཅས་པའི་གཞི་གསུམ་ཆོ་ག་ཞེས་འདུལ་བའི་ཉམས་ལེན་གལ་ཆེ་བ་ཞིག་ཡིན།

༡༩༽ བོད་ཟླ་ ༨ ཚེས་ ༨ ཉིན་སྨན་བླ་ཆོས་ཐོག་ཡར་ཚོགས་དང་། བོད་ཟླ་ ༩ ཚེས་ ༧ ཉིན་ཆོས་ར་ཤིས་བརྗོད་བྱེད། བོད་ཟླ་ ༨ ཚེས་ ༡༡ ནས་ཉིན་བདུན་རིང་སྨན་བླ་སྒྲུབ་མཆོད་ཆེན་མོ་ཞེས་དེ་མོ་བདེ་ལེགས་རྒྱ་མཚོ་རྒྱལ་ཐོག་སྐབས། གསར་འཛུགས་བསྐྱངས་པའི་སྨན་བླ་མདོ་ཆོག་རྟ་དབྱངས་ཐུན་མོང་མ་ཡིན་པ་དང་བཅས་བ། འབྲེལ་ཡོད་ཚེ་འདས་རྣམས་ཀྱི་ཆེད་དུ་སྨན་བླའི་སྦྱངས་ཆོག་གནད་སྨིན་དང་བཅས་ཏེ་ཉིན་རེར་ཚོགས་ཐེངས་བཞི་འཚོགས་ཀྱི་ཡོད།

༢༠༽ བོད་ཟླ་ ༩ ཚེས་ ༡༧ ཉིན་སྟོན་ཆོས་ཆེན་མོའི་ཡར་ཚོགས་དང་། ཚེས་ ༡༨ དང་ཚེས་ ༡༩ ལ་ཤིང་སློང་དང་། ཚེས་ ༢༠ ནས་དགུན་གླིང་དགེ་བཤེས་ཀྱི་དམ་འཇོག་དང་འབྲེལ་འདུས་དམངས་ལ་བསྙེན་བཀུར་ཞུ་བ་དང་ཆབས་ཅིག དགེ་བཤེས་ཀྱི་ཕྱག་འཁྱེར་འབུལ་གྱི་ཡོད། བོད་ཟླ་ ༡༠ ཚེས་ ༡༦ ཉིན་ཤིས་བརྗོད་བྱེད།

༢༡༽ བོད་ཟླ་ ༡༡ ཚེས་ ༡༧ ཉིན་དགུན་ཆོས་ཆེན་མོའི་ཡར་ཚོགས་དང༌། བོད་ཟླ་ ༡༡ ཚེས་ ༡༨ དང་ཚེས་ ༡༩ ལ་ཁང་ཚན་སོ་སོར་ཤིང་སློང་དམ་བཅའ་ཚུགས་ཀྱི་ཡོད། ཚེས་ ༢༠ ནས་དགེ་བཤེས་ལྷ་རམས་པ་རྣམས་གྲྭ་ཚང་ནང་དམ་འཇོག་དང་འབྲེལ། སེར་སྨད་གྲྭ་ཚང་དུ་ལོ་ངོ་ཉི་ཤུ་ལྷག་ཙམ་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་པ་དང་། དགེ་ལུགས་རྒྱུགས་སྤྲོད་ལོ་དྲུག་འཕྲོད་ཟིན་པ་རྣམས་ལ། དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་འབུལ་བ་དང་ཆབས་ཅིག་བསྙེན་བཀུར་ཞུ་གི་ཡོད།

༢༢༽ བོད་ཟླ་ ༡༡ ཚེས་ ༢༥ ཉིན་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསར་དུ་བཙུགས་པའི་གཞུང་འབྲེལ་བྱམས་སྨོན་སྒྲུབ་མཆོད་ཆེན་མོ་ཞེས་གྲྭ་ཚང་འདི་ཉིད་ཀྱི་འདུས་དམངས་ཚང་མས་བདུན་ཕྲག་གཅིག་རིང་མཚན་མོ་ཚོུད་གཉིས་པ་ནས་བཞེངས་ཏེ། ཉིན་རེར་ཚོགས་ཐེངས་བཞི་རེའི་ཐོག་ཆོས་སྤྱོད་ཁག་དང་། ལྷག་པར་བྱམས་པའི་སྨོན་ལམ་གྲངས་གསོག་དང་། རྒྱལ་བ་བྱམས་པས་དམ་བཅས་པའི་གཟུངས་སྔགས་འདོན་པ་སོགས་སྐྱེ་འགྲོ་བསོད་ནམས་གསོག་པའི་ཞིང་དུ་འགྱུར་ངེས་བཞིན་པ་གནང་གི་ཡོད། འདིའི་སྐབས་གྲྭ་ཚང་རང་གི་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་རྟ་དབྱངས་དང་བཅས་པའི་སྒོ་ནས་དབུ་མཛད་དང་། སྐད་བཟང་འདོན་བཟང་བ་རྣམས་ཀྱིས་གཙོ་འགན་བཞེས་ཏེ། སྙན་འཇེབས་བརྗིད་གསུམ་གྱི་སྒོ་ནས་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་སྐལ་བ་བཟང་པོའི་དུས་འདའ་བ་ཡིན་ནོ།

༢༣༽ བོད་ཟླ་ ༡༢ ཚེས་ ༡༦ ཉིན་ཆོས་ར་ཤིས་བརྗོད་བྱེད།

བོད་ཟླ་ ༡༢ ཚེས་ ༢༩ ཉིན་བསྟན་སྲིད་ཀྱི་ཞབས་རིམ་དུ་མགོན་ཁང་སྐང་གསོ་བ་རྣམས་ནས་གཏོར་བསྒྲུབས་ཞུས་ཏེ་གཟོར་འཕེན་གཏོར་རྒྱག་བྱེད། གོང་གསལ་བྱེད་སྒོ་ཁག་ནི་སྔོན་བོད་ནང་ཡོད་པ་བཞིན་སྔར་སྲོལ་བཟང་པོ་མ་ཉམས་པར་གང་ཐུབ་ཀྱི་ཚུལ་དུ་ཞུ་བཞིན་པ་ཡིན་ནོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།